མི་དབང་མངའ་བདག་རིན་པོ་ཆེ་དང་མཇལ་འཕྲད།

audience

སྤྱི་ལོ་༢༠༡༤ སྤྱི་ཟླ་༥ པའི་སྤྱི་ཚེས་༢༡ ལུ་ བཀྲིས་ཆོས་རྫོང་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འདེམས་བསྐོས་གནང་བའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་དང་ལྷན་འཛིན་བཞི་ལུ་ མཇལ་ཕྲད་གནང་ཡི།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ ཀརྨ་ཚུལ་ཁྲིམས་འདི་ཁྲི་འཛིན་སྦེ་འདེམས་བསྐོས་གནང་ཡོདཔ་དང་ དབང་འདུས་ཕོ་བྲང་རྫོང་ཁག་གི་རྫོང་བདག་ ལྷུན་གྲུབ་དབང་ཕྱུག འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་བསྡུ་གསོག་འགོ་དཔོན་ སྐལ་བཟང་བདེ་སྐྱིད། གསོ་བའི་མཁོ་ཆས་དང་རྟེན་གཞི་བཀྲམ་སྤེལ་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ལྷ་མོ་རྡོ་རྗེ། དེ་ལས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ མཁས་མཆོག་ལས་རོགས་ལེགས་སྦྱར་བ་ ཨིན་ད་ར་མཱན་ཆེ་ཏི་རི་བཞི་པོ་ ལྷན་འཛིན་སྦེ་འདེམས་བསྐོས་གནང་ཡི།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༦ པའི་དོན་ཚན་༣ པ་དང་འཁྲིལ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་དང་འཐུས་མི་ཚུ་གི་གནས་ཡུན་འདི་ ལོ་ངོ་༥ ཡང་ན་ ལོ་གྲངས་༦༥ ལས་ག་ཧ་མི་ཚུན་ཚོད་ཨིན།