རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་འགོ་འབྱེད།- ༥/༠༨/༢༠༡༥།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཞི་གཡོག་ནང་ལུ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ གོང་འཕེལ་དང་དར་ཁྱབ་གཏང་ནིའི་དམིགས་གཏད་བསྐྱེད་དེ་ ད་རིས་ལས་རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་འགོ་འབྱེད་འབདཝ་ཨིན།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་མདོ་ཆེན་གྱིས་གསུངས་མི་ནང་ “རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་འདི་ ཞི་གཡོག་གི་ལྟེ་བ་དཔེ་བལྟ་སའི་ལས་སྡེ་ཅིག་འབདཝ་ལས་བརྟེན་ དུས་རྒྱུན་དུ་ལཱ་འབད་བའི་སྐབས་རྫོང་ཁ་ལག་ལེན་འཐབ་ནི་ནང་ གཞན་ལུ་དཔེ་སྟོན་བཏུབ་ཅིག་ འབད་ཚུགས་པའི་རེ་བ་བསྐྱེདཔ་ཨིན། དེ་བཟུམ་སྦེ་ན་ལས་ཕར་ ཁྱབ་བསྒྲགས་ཀྱི་རིགས་ག་ཅི་ར་ཨིན་རུང་ ཞི་ལྷན་གྱི་ཡོངས་འབྲེལ་འཆར་སྒོ་ནང་ རྫོང་ཁ་དང་ཨིང་ལིཤ་ཟུང་འབྲེལ་སྦེ་བཙུགས་ནི་ཨིན།”

website_launch

རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ནི་འདི་ སྤྱི་ཚེས་ ༣༠/༠༦/༢༠༡༥ ལུ་ རྫོང་ཁ་གོང་འཕེལ་ཚོགས་ཆུང་གི་ཞལ་འཛོམས་ཐེངས་ ༡ པའི་གྲོས་ཆོད་དང་འཁྲིལ་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ཁྱད་རིག་གི་རྒྱབ་སྐྱོར་ལེན་ཐོག་ལས་བཟོ་ཡོད།